Wednesday 10 April 2019

ཆེས་ཐོག་མའི་བུ་ག་ནག་པོའི་པར་རིས་ཐོན་པ།

གློག་གྲངས། 704 སྐར་དཔྱད་ཚན་རིག་པས་རྒྱང་རིང་གི་དགུ་ཚིགས་ཤིག་ཏུ་གནས་པའི་བུ་ག་ནག་པོའི་པར་རིས་ཆེས་ཐོག་མར་ལེན་ཐུབ་སོང་། རྒྱ་ཁྱོན་ལ་ཀི་ལོ་མ... thumbnail 1 summary

སྐར་དཔྱད་ཚན་རིག་པས་རྒྱང་རིང་གི་དགུ་ཚིགས་ཤིག་ཏུ་གནས་པའི་བུ་ག་ནག་པོའི་པར་རིས་ཆེས་ཐོག་མར་ལེན་ཐུབ་སོང་།


རྒྱ་ཁྱོན་ལ་ཀི་ལོ་མི་ཊར་ཐེར་འབུམ་ ༤༠ ཡོད་ཅིང་འཛམ་གླིང་གི་ཆེ་ཚད་ལས་ས་ཡ་གསུམ་ལྡབ་ཀྱིས་ཆེ་བ་ཡོད་པའི་བུ་ག་ནག་པོ་དེར་ཚན་རིག་པ་ཚོས་ “སྲིན་པོ་” ཞེས་འབོད་ཀྱི་ཡོད།

བུ་ག་ནག་པོ་དེ་ནི་ང་ཚོ་ལས་ཀི་ལོ་མི་ཊར་ས་ཡ་དཀྲིགས་ཆེན་པོ་ ༥༠༠ ཡི་ཐག་རིང་དུ་ཡོད་པ་དང་དེའི་པར་རིས་དེ་འཛམ་གླིང་གི་ས་གནས་མི་འདྲ་བ་ནས་རྒྱང་མཐོང་ཆེ་ཤེལ་ ༨ ཙམ་མཉམ་སྤྱོད་ཀྱིས་པར་བླངས་ཡོད་པ་རེད།

དེའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་འདི་རིང་སྐར་དཔྱད་དངོས་ཁམས་ཚན་རིག་གི་དུས་དེབ་ཐོག་སྤེལ་འདུག

རྟག་དཔྱད་འདིའི་འཆར་འགོད་པ་ནེ་དར་ལེནཌ་གི་རེཌ་བྷོཌ་གཙུག་ལག་སློབ་ཁང་གི་སློབ་དཔོན་ ཧིཎོ་ཕལ་ཀེ་ཡིས་བྷི་བྷི་སི་ལ་བུ་ག་ནག་པོ་དེ་ནི་ M87 དུ་འབོད་པའི་དགུ་ཚིགས་ཤིག་ནས་རྙེད་ཡོད་པར་བཤད་འདུག

ཁོང་གིས་ང་ཚོས་གང་མཐོང་བ་དེ་ནི་ང་ཚོའི་ཉི་མའི་ཁྱིམ་རྒྱུད་ལས་ཧ་ཅང་གི་ཆེ་བ་ཡོད་རེད་ཅེས་གསུངས།

བུ་ག་ནག་པོ་དེར་འབོངས་ཚད་ཉི་མའི་བོངས་ཚད་ལས་ལྡབ་ ས་ཡ་ ༦་༥ ཡི་ཆེ་བ་ཡོད་པ་དང་འདི་ནི་ད་བར་ང་ཚོས་ཡོད་ཤས་བྱས་པའི་བུ་ག་ནག་པོ་རྣམས་ལས་ཆེ་ཤོས་དེ་རེད། འདི་ནི་དོན་དངོས་སུ་བར་སྣང་ཁམས་ནང་གི་བུ་ག་ནག་པོ་རྣམས་ཀྱི་ནང་ནས་སྟོབས་ཆེ་ཤོས་དེ་ཆགས་ཀྱི་ཡོད།

པར་རིས་དེས་བཀྲག་མདངས་ཆེ་བའི་མེ་ཡི་འཁོར་ལོ་ཞིག་གིས་སྒོར་སྒོར་ཅན་གྱི་བུ་ག་ནག་པོའི་མཐར་སྐོར་ཡོད་པ་སྟོན་གྱི་ཡོད། བཀྲག་མདངས་ཅན་གྱི་འོད་སྒོར་དེ་ནི་བུ་ག་ནག་པོ་དེར་ལྷུང་བཞིན་པའི་རླངས་པ་དག་ཤིན་ཏུ་ཚ་པོ་ཆགས་པ་ལས་བསྐྲུན་པ་རེད། འོད་མདངས་དེ་ནི་དགུ་ཚིགས་དེར་ཡོད་པའི་སྐར་མ་འཐེར་འབུམ་མང་པོའི་འོད་སྡེབས་གཅིག་ལ་སྤུངས་པ་ལས་ཀྱང་འཚེར་བ་ཡོད། དེའི་ཕྱིར་བུ་ག་ནག་པོ་དེ་འཛམ་གླིང་དང་ཐག་ཇི་འདྲའི་རིང་པོར་ཡོད་རུང་ང་ཚོས་མཐོང་ཐུབ་པར་འགྱུར་ཡོད།

དབུས་སུ་ཡོད་པའི་སྒོར་དབྱིབས་ཅན་གྱི་བུ་ག་ནག་པོའི་མཐའ་དེ་ནི་རླངས་པ་དེར་འཛུལ་བའི་མཚམས་དེ་རེད། བུ་ག་ནག་པོ་ནི་བེམ་གཟུགས་ཤིག་ཡིན་ལ་དེར་འཐེན་ཤུགས་ཧ་ཅང་ཆེན་པོ་ཡོད་པའི་རྐྱེན་གྱིས་དེ་ནས་འོད་ཡན་ཆད་ཀྱང་མཐར་ས་མེད་པ་རེད།

པར་རིས་དེ་ནི་ད་བར་སྐར་དཔྱད་ཚན་རིག་པ་དང་རྒྱུ་རྩལ་བ་ཚོས་འཆར་འགོད་བྱས་པའི་བུ་ག་ནག་པོའི་རི་མོ་དང་འདྲ་མཚུངས་བྱུང་ཡོད།

ལོན་ཌོན་མཐོ་སློབ་ཀྱི་མཁས་དབང་ ཟཡེ་རི་ ཡོན་སེ་ཡིས་ "ང་ཚོས་མཐོང་བའི་པར་རིས་དེ་ནི་ཚོད་རྩིས་ཀྱི་ལམ་ནས་བསྐྲུན་པའི་རི་མོ་དང་ཡོངས་སུ་མཐུན་ཡོད་པ་མ་ཟད་དེས་མཁས་དབང་ཨ་ཡིནས་ཊོན་ལ་སླར་ཡང་བདེན་དཔང་རྙེད་པ་འདྲ་པོ་ཆགས་ཡོད། " ཅེས་བཤད།

གསར་དུ་ལག་སོན་བྱུང་བའི་པར་རིས་དེ་ཉམས་ཞིབ་པ་ཚོར་ཡ་མཚན་ཅན་གྱི་དངོས་པོ་དེར་རྟག་དཔྱད་བྱེད་རྒྱུར་རམས་འདེགས་སུ་འགྱུར་རྒྱུ་ཡིན་པ་དང་། བུ་ག་ནག་པོ་དེ་གང་ཞིག་སྙེགས་ནས་འགྲོ་གི་ཡོད་པའི་ལམ་ཁ་རྩད་གཅོད་བྱེད་ས་ལྟེ་བ་ཞིག་ཆགས་རྒྱུ་རེད། སུ་ཞིག་གིས་ཀྱང་བུ་ག་དེའི་མཐར་ཡོད་པའི་དཀྲགས་ཆེ་བའི་འོད་སྒོར་དེའི་བྱུང་རྐྱེན་ཤེས་ཀྱི་མེད། དེ་ལས་ཀྱང་ཤེས་འདོད་ཆེ་བ་ཞིག་ནི་བུ་ག་དེར་ལྷུང་བའི་དངོས་པོ་རྣམས་ལ་ཅི་ཞིག་བྱུང་ངམ་ཞེས་པའི་དྲི་བ་དེའི་ལན་རེད།

བུ་ག་ནག་པོ་ཞེས་པ་དེ་ཅི་ཞིག་ཡིན་ནམ། 


  • བུ་ག་ནག་པོ་ནི་བར་སྣང་གི་མཚམས་ཤིག་ཡིན་པ་དང་དེ་ནས་ཅི་ཞིག་ཀྱང་ཐར་ཐབས་དཀའ། མཐའ་ན་འོད་ཀྱང་མཐར་བར་མི་ནུས། 
  • མིང་ལ་བུ་ག་ཞེས་འདོགས་ཡོད་རུང་དེ་ནི་སྟོང་སང་ཞིག་མིན་པར་བེམ་གཟུགས་གྲངས་ལས་འདས་པ་ཞིག་ངོས་ཆུང་ཆུང་ཞིག་གི་ནང་ལ་ཚགས་ཧ་ཅང་དམ་པོར་བཟུང་ཡོད། 
  • བུ་ག་ནག་པོ་དེའི་མཐའ་ན་འཕྲེད་མཚམས་(event horizon) ཞེས་པའི་གནས་ཤིག་ཡོད། དེ་ནི་ཕྱིར་མི་ལྡོག་པའི་མཚམས་དེ་རེད། དེ་ལས་བརྒལ་ཚེ་བུ་ག་ནག་པོའི་འཐེན་ཤུགས་ལས་ཐར་བ་ཤེས་བྱར་མི་སྲིད།


སློབ་དཔོན་ཧེ་ཀེལ་ལགས་འབུམ་རམས་པའི་སློབ་མ་ཡིན་དུས་ལས་གཞི་འདིའི་སྐོར་རིག་པ་རྙེད་ཡོད་ཀྱང་། སྐབས་དེ་དུས་སུ་ཞིག་གིས་ཀྱང་ལས་གཞི་འདི་གྲུབ་མི་སྲིད་པ་ཞིག་ལ་བརྩིས་ཡོད། འོན་ཀྱང་ཁོང་གིས་རླུང་འཕྲིན་ཕྱིར་འཕྲོའིི་རིགས་གང་ཡང་རུང་བ་ཞིག་བུ་ག་ནག་པོའི་མཚམས་དང་མཐའ་འཁོར་ལ་གཏོང་ཐུབ་པ་དང་དེ་ང་ཚོའི་རྒྱང་མཐོང་ཆེ་ཤེལ་གྱིས་ཚོར་ཐུབ་པ་དགོངས་ཡོད།

ཁོང་གིས་ ༡༩༧༣ གི་ཚན་རིག་དུས་དེབ་ཞིག་གི་སྟེང་ན་བུ་ག་ནག་པོའི་ཤུགས་དྲག་ཆེ་བའི་འཐེན་ཤུགས་དེའི་དབང་གིས་བུ་ག་ནག་པོ་དེ་ཉིད་ཀྱང་རང་ཉིད་ལས་ལྡབ་༢་༥ ཆེ་བར་སྣང་བ་ཡིན་ཞེས་པའི་བསམ་འཆར་དེ་ཀློག་མྱོང་བ་ཡང་དྲན་སོས།

དེ་སྔོན་མ་ཤེས་པའི་གནད་དོན་དེ་གཉིས་ཀྱིས་བྱུང་མི་སྲིད་པ་ལྟ་བུར་སྣང་བ་ཞིག་སྲིད་པར་བྱས། ལོ་ངོ་ ༢༠ ལྷག་ལ་ལས་འཆར་དེར་བདེན་གཏུགས་བྱས་མཐར་ལས་གཞི་དེར་ཡུ་རོབ་ཉམས་ཞིབ་མཐུན་ཚོགས་ནས་ཆོག་མཆན་ཐོབ་ཡོད་པ་དང་དེ་རྗེས་ཤར་ཨེ་ཤི་ཡའི་ཚན་རིག་ཉམས་ཞིབ་ཚོགས་པས་ཀྱང་ལས་འཆར་དེའི་ནང་མཉམ་བཞུགས་བྱས་འདུག
འཛམ་གླིང་ཁྱོན་དུ་འཕྲེད་མཚམས་རྒྱང་ཤེལ་གང་དུ་བཙུགས་ཡོད་པའི་གི་ས་གནས་ཁག

" འགྲུལ་བཞུད་དེ་རིང་པོ་ཞིག་ཡིན་ན་ཡང་འདི་ནི་ངས་ང་རང་གི་མིག་ནས་དངོས་སུ་གང་མཐོང་འདོད་པ་དེ་ཡིན། དེ་དུས་ང་ལ་འདི་བདེན་པ་ཡིན་ནམ་སྙམ་ནས་ཤེས་འདོད་ཆེན་པོ་ཡོད།" ཞེས་སློབ་དཔན་ཧེ་ཀེལ་གྱིས་གསུངས།

རྒྱང་ཤེལ་གང་འདྲ་ཞིག་གིས་ཀྱང་ཁྱེར་རྐྱང་དུ་བུ་ག་ནག་པོའི་པར་ལེན་མི་ཐུབ། དེ་ཕྱིར་ཧ་ཝཌ་ཀྱི་སློབ་དཔོན་ཆེན་མོ་ཥེེརད་ཌོ་ལེ་མན་གྱིས་རྒྱང་ཤེལ་བརྒྱད་འབྲེལ་མཐུད་བྱེད་པའི་ལས་གཞི་གཙོ་སྐྱོང་ཞུས། དེ་དག་མཉམ་རུབ་ཀྱིས་འཕྲེད་མཚམས་ Event Horizon སྙེགས་ཐུབ་པའི་རྒྱང་ཤེལ་ཞིག་ཆགས་ཐུབ་པ་དང་དེ་ནི་གོ་ལའི་ཁྱོན་དང་མཉམ་པའི་འཕྲིན་སླང་ཞིག་ཏུ་བསམ་ཆོག
གནས་ཚུལ་རྣམས་མང་ཐག་ཆོད་ནས་དྲ་རྒྱ་བརྒྱུད་བསྐུར་ལེན་མ་ཐུབ་པས་གནས་ཚུལ་དེ་དག་སྲ་སྡེར་(hard drive) བརྒྱ་ཕྲག་མང་པོའི་སྟེང་ནང་འཇུག་བྱས།



རྒྱང་ཤེལ་དེ་དག་འཛམ་གླིང་གི་ས་གནས་མི་འདྲ་བ་དུ་མར་བཙུགས་ཡོད་པ་དང་། ཚན་རིག་པ་ ༢༠༠ བརྒལ་བས་འབྲེལ་མཐུད་བྱས་པའི་རྒྱང་ཤེལ་དེ་དག་ཉིན་གྲངས་ ༡༠ རིང་ M87 ཞེས་པའི་དགུ་ཚིགས་ཀྱི་དབུས་ལ་གཏད་ནས་གཤེར་འབིགས་བྱས།  དེ་ནས་ལོན་པའི་གནས་ཚུལ་རྣམས་མང་ཐག་ཆོད་ནས་དྲ་རྒྱ་བརྒྱུད་བསྐུར་ལེན་མ་ཐུབ་པས་ཁོང་ཚོས་གནས་ཚུལ་དེ་དག་སྲ་སྡེར་(hard drive) བརྒྱ་ཕྲག་མང་པོའི་སྟེང་ནང་འཇུག་བྱས་ནས་ཨ་རིའི་བོས་ཌོན་དང་ཇར་མན་གྱི་བྷོན་དུ་ཡོད་པའི་ལས་འཆར་དེའི་ལྟེ་གནས་སུ་བསྐྱལ་ནས་གནས་ཚུལ་རྣམས་མཉམ་སྒྲིག་བྱེད་ཀྱི་ཡོད། “འདི་ནི་ཚན་རིག་གི་ལེགས་གྲུབ་ཁྱད་དུ་འཕགས་པ་ཞིག་རེད། མི་རབས་གོང་མའི་སྐབས་གྲུབ་མི་སྲིད་པར་བརྩིས་པ་ཞིག་ང་ཚོས་ལག་སོན་བྱེད་ཐུབ་པ་བྱུང་བ་རེད།”ཅེས་སློབ་དཔོན་ཌོ་ལེ་མན་གྱིས་བརྗོད།

བསྟན་འཛིན་དབང་ལྡན་གྱིས་བོད་བསྒྱུར་བྱས།
ཡོང་ཁུངས་: BBC News

No comments

Post a Comment

Like us on Facebook