Sunday 14 April 2019

མི་གསུམ་གྱི་ཌི་ཨེན་ཨེ་ཡོད་པའི་བྱིས་པ་བཙས་པ།

ཀློག་གྲངས། 2253 ཨཡེ་ཝི་ཨེཕ་ (IVF) ཞེས་པའི་མའི་མངལ་གྱི་ཕྱི་རོལ་དུ་ས་བོན་འདྲེས་སྦྱོར་གྱིས་བྱིས་པ་བཙའ་ཐབས་ལན་འགའ་བྱས་ཀྱང་ལམ་ལྷོང་མ་བྱུང་བའ... thumbnail 1 summary
ཀློག་གྲངས། 2253

ཨཡེ་ཝི་ཨེཕ་ (IVF) ཞེས་པའི་མའི་མངལ་གྱི་ཕྱི་རོལ་དུ་ས་བོན་འདྲེས་སྦྱོར་གྱིས་བྱིས་པ་བཙའ་ཐབས་ལན་འགའ་བྱས་ཀྱང་ལམ་ལྷོང་མ་བྱུང་བའི་བུད་མེད་རང་ལོ་ ༣༢ སུ་སོན་པ་ཞིག་ལ་གཟའ་མིག་དམར་གྱི་(༠༤།༠༩།༢༠༡༩) ཞོགས་པར་བདེ་ཐང་ཅན་གྱི་བུ་ཞིག་བཙས་ཡོད་ཅེས་གྷི་རིས་ཀྱི་ཨེ་ཐེནས་སུ་ཡོད་པའི་་་ལ་ཡེཕ་ (Life) གཙུག་ལག་སློབ་ཁང་གིས་ཁྱབ་བསྒྲགས་སྤེལ་འདུག

སྨན་པས་བདེ་ཐང་ཡིན་པར་བརྗོད་པའི་ཀི་ལོ་ ༢་༩ ཅན་གྱི་བྱིས་པ་དེ་མ་ཡི་ཁམས་དམར་ནང་གི་ལྟེ་ཉིང་གནས་སྤོ་བྱེད་ཐབས་བརྒྱུད་བཙས་ཡོད་ལ། བརྒྱུད་རིམ་དེའི་ནང་བུད་མེད་གཞན་གྱིས་སྦྱིན་པའི་ཁམས་དམར་རམ་སྒོ་ང་ནས་བུད་མེད་དེའི་ཌི་ཨེན་ཨེ་ཕྱིར་དབྱུང་ནས་ཨ་མའི་ཌི་ཨེན་ཨེ་ནང་འཇུག་བྱེད། དེའི་རྗེས་མ་ཡི་ཌི་ཨེན་ཨེ་ལྡན་པའི་བུད་མེད་གཞན་གྱི་སྒོ་ང་དེ་ས་བོན་འདྲེས་སྦྱོར་གྱིས་སྦྲུམ་སྲིང་ཆགས་སུ་བཅུག་ནས་ཨ་མའི་མངལ་དུ་མངལ་སྦྲུམ་པར་འཇོག་གི་ཡོད་པ་རེད།
ཁམས་དམར་ལྟེ་ཉིང་གནས་སྤོ་བྱེད་ཚུལ་གྱི་དཔེ་རིས། 


བྱེད་ཐབས་འདི་ནི་མ་ཡི་མངལ་དུ་ས་བོན་འདྲེས་སྦྱོར་ཟིན་ཡང་སྦྲུམ་སྲིང་མ་གསོན་པའི་རིགས་ལ་སྤྱོད་པ་ཡིན། ཁམས་དམར་གྱི་གནས་སྟངས་ཞན་པ་དང་། སྦྲུམ་སྲིང་ཆགས་པའི་སྔ་ལོགས་སུ་ས་བོན་འདྲེས་སྦྱོར་ཟིན་པའི་སྒོ་ང་ཁ་གྱེས་པར་མཁོ་བའི་མཐུན་རྐྱེན་མ་འདང་བའི་རིགས་བཅས་རྒྱུ་རྐྱེན་མང་པོ་ཞིག་གིས་དཀའ་ངལ་འདི་སྐྱེད་ཀྱི་ཡོད་སྲིད་པ་ཞིག་རེད།

རྒྱུ་རྐྱེན་དེ་དག་ལས་གཅིག་ནི་ནུས་སྐྱེད་དབང་ཕྲ་ཡིན་ལ། དབང་ཕྲ་དེ་ནི་མིའི་ཕྲ་ཕུང་ཚང་མའི་ནང་ཕྲ་ཕུང་གི་རིགས་རྫས་འཁུར་བའི་ཌི་ཨེན་ཨེ་འཐུམ་པའི་ལྟེ་ཉིང་གི་ཕྱི་རོལ་དུ་ཡོད། ཚོད་དཔག་བྱས་པ་ལྟར་ན་ཨ་མའི་ཁམས་དམར་ལྟེ་ཉིང་གནས་སྤོ་བྱེད་པའི་བཅོས་ཐབས་འདིར་སྦྱིན་བདག་གི་ཁམས་དམར་ནང་གི་ནུས་སྐྱེད་དབང་ཕྲས་རྐྱེན་གཞན་དང་ལྷན་དུ་སྒོ་ང་དེར་ས་བོན་འདྲེས་སྦྱོར་དང་སྦྲུམ་སྲིང་ཆགས་སུ་འཇུག་གི་ཡོད་པ་རེད་འདུག

ད་ཆ་ང་ཚོས་IVF ཀྱི་བཅོས་ཐབས་དུ་མ་བསྟེན་ཡང་ལམ་ལྷོང་མ་བྱུང་བ་དང་ནུས་སྐྱེད་དབང་ཕྲའི་རིགས་རྫས་ནད་གཞི་ཡོད་མཁན་ཚོར་བྱིས་པ་ཐང་པོ་བཙའ་ཐུབ་པའི་མཚམས་ལ་སླེབ་ཡོད་ཅེས་་་ལ་ཡེཕ་གཙུག་ལག་སློབ་ཁང་གི་གཙོ་འཛིན་དེས་གསུང་བཤད་ཅིག་གི་ནང་བརྗོད་འདུག།

སྤྱིར་ནུས་སྐྱེད་དབང་ཕྲ་ནི་ཕྲ་ཕུང་གི་ནུས་པའི་འབྱུང་ཁུངས་སུ་བརྩི་སྟེ། དེས་ཌི་ཨེན་ཨེའི་ངོ་བཤུ་རྒྱག་པ་དང་ཕྲ་ཕུང་ཉིང་འགྱེ་བྱེད་པ་སོགས་གལ་གནད་ཆེ་བའི་ཕྲ་ཕུང་གི་བྱ་བ་མང་པོར་ནུས་པ་སྟེར་མཁན་ཞིག་ལ་ངོས་འཛིན་པ་ཡིན། འོན་ཀྱང་ཉེ་དུས་ཀྱི་ཉམས་ཞིབ་ཁག་ཅིག་གིས་བསྟན་པ་ལྟར་ན་དབང་ཕྲ་འདིས་བྱ་བ་གཞན་མང་པོ་ཡང་ལས་ཀྱི་ཡོད་པ་དང་དམིགས་གསལ་དུ་སྐྱེད་འཕེལ་བྱེད་རྒྱུར་རམ་འདེགས་ཆེན་པོ་བྱེད་ཀྱི་ཡོད་འདུག། བྱང་ཤར་གཙུག་ལག་སློབ་ཁང་(Northeastern University) གི་སྐྱེ་དངོས་ཚན་པའི་དབུ་འཛིན་སློབ་དཔོན་ ཇོ་ན་ཏན་ ཏྲི་ལེས་ (Dr. Jonathan Tilly) དུད་འགྲོ་དང་མིའི་སྐྱེ་འཕེལ་གྱི་གོ་རིམ་ནང་ཐོག་མའི་གནས་སྐབས་ཀྱི་སྒོ་ངར་རྟག་དཔྱད་བྱས་པའི་ཉམས་ཞིབ་མང་པོ་ཞིག་གིས་ནུས་སྐྱེད་དབང་ཕྲས་སྒོ་ངར་རོགས་འགངས་ཅན་བྱེད་པ་དང་དམིགས་གསལ་གྱི་བུད་མེད་ལོ་རྒན་པ་རྣམས་ལ་ས་བོན་འདྲེས་སྦྱོར་དང་མངལ་སྦྲུམ་པར་ཕན་ཐོགས་རླབས་ཆེན་སྒྲུབ་ཀྱི་ཡོད་ཤས་ཆེ་བའི་བརྡ་སྟོན་གྱི་ཡོད་པ་རེད་ཅེས་བཤད། སློབ་དཔོན་ཁོང་གིས་སྐྱེད་སྤེལ་བརྒྱུད་རིམ་འགོ་སྟོད་ཀྱི་ཁམས་དམར་ཐོག་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་རེད།

Image: North Country Public Radio
ད་དུང་ཁོང་གིས་ད་བར་མི་ཡི་སྟེང་ལ་ལག་བསྟར་འོས་པའི་རྟག་དཔྱད་བྱས་པའི་གྲངས་ཐོ་དང་དུད་འགྲོ་སེམས་ཅན་མང་པོའི་སྟེང་ཉམས་ཞིབ་བྱས་པའི་གྲངས་ཐོ་རྣམས་ཀྱིས་སྒོ་ང་ཞན་པོ་དང་སྦྲུམ་སྲིང་ལེགས་པོ་མ་ཆགས་པའི་འགག་རྩ་གཙོ་བོ་ནུས་སྐྱེད་དབང་ཕྲ་ཉུང་སྐྱོན་ནམ་དབང་ཕྲ་དེ་ནུས་མེད་ཆགས་པ་དེར་ཐུག་གི་ཡོད་པའི་བརྡ་བསྟན་གྱི་ཡོད་རེད་ཅེས་ཟེར།

བུ་མ་འབྱར་འདི་ནི་ནུས་སྐྱེད་དབང་ཕྲའི་ནད་གཞི་མེད་མཁན་གྱི་ཨ་མ་ཞིག་ལ་གཅོས་ཐབས་འདི་སྤྱད་ནས་སྐྱེས་པའི་བྱིས་པ་དང་པོ་དེ་ཆགས་ཡོད། ད་བར་ཨ་མ་འགའ་ཞིག་གི་ནུས་སྐྱེད་དབང་ཕྲར་ཉེས་འགྱུར་(རྒྱུན་ལྡན་མིན་པའི་འགྱུར་ལྡོག) ཐེབས་ཡོད་པའི་ཁྱིམ་ཚང་ཁ་ཤས་ནང་དེ་འདྲའི་བྱིས་པ་བཙས་པའི་གནས་ཚུལ་ཐོན་ཡོད་པ་རེད། དབྱིན་ཡུལ་ལྟ་བུར་ཆ་མཚོན་ན་གཞུང་ཕྱོགས་ནས་ཉམས་ཞིབ་པ་ཚོར་ནུས་སྐྱེད་དབང་ཕྲའི་ནད་གཞི་ཡོད་མཁན་གྱི་ཁྱིམ་ཚང་དག་ལ་རོགས་བྱ་ཕྱིར་བཅོས་ཐབས་འདི་ལག་བསྟར་ཆོག་པའི་ཆོག་མཆན་སྤྲོད་ཀྱི་ཡོད་པ་རེད།

ནུས་སྐྱེད་དབང་ཕྲ་ཁོ་རང་ལ་རིགས་རྫས་རྒྱུ་ཆ་ཉུང་ཤས་ཤིག་ཡོད་པ་དང་དེ་ནི་ལྟེ་ཉིང་ནང་ཡོད་པའི་ཌི་ཨེན་ཨེ་ལས་རྦད་དེ་སོ་སོ་ཡིན། ལྟེ་ཉིང་ནང་གི་ཌི་ཨེན་ཨེ་ནི་རང་རེ་རྣམས་ཀྱི་ལུས་ཀྱི་རྩ་འཛིན་ལག་དེབ་ལྟ་བུ་ཡིན་པས་དེས་མིག་གི་ཁ་མདོག་ལ་སོགས་པ་མི་ཡི་ལུས་ཀྱི་ཤ་ཤས་ཚང་མའི་རྐྱེན་རྩ་བྱེད་ཀྱི་ཡོད། ནུས་སྐྱེད་དབང་ཕྲ་རྗེ་སྤོ་བྱེད་པའི་བཅོས་ཐབས་ནང་ཌི་ཨེན་ཨེ་ཕྱིར་དབྱུང་ཟིན་པའི་སྦྱིན་བདག་གི་ཁམས་དམར་ནང་ཨ་མའི་སྒོ་ང་སྐྱོན་ཅན་དེ་བཅུག་ཅིང་ཉེས་འགྱུར་ཐེབས་པའི་ནུས་སྐྱེད་དབང་ཕྲ་བཀོག་ནས་ནད་མེད་བྱིས་པ་སྐྱེད་ཐུབ་ཀྱི་ཡོད།

གྷི་རིས་ནས་ཐོན་པའི་གནས་སྟངས་ལ་མཚོན་ན། ཨ་མ་དེར་ནུས་སྐྱེད་དབང་ཕྲའི་ནད་གཞི་མེད་ཀྱང་མོར་མངལ་གྱི་ཕྱི་རོལ་དུ་ས་བོན་འདྲེས་སྦྱོར་གྱིས་བྱིས་པ་སྐྱེ་ཐབས་ཐེངས་འགར་བྱས་ཀྱང་ལམ་དུ་མ་སོང་། མཐར་མོས་ཁམས་དམར་ལྟེ་ཉིང་གནས་སྤོ་བྱས་ནས་བྱིས་པ་བཙའ་རྒྱུའི་བཅོས་ཐབས་གསར་པ་དེ་སྤྱད་རྒྱུར་མོས་མཐུན་བྱས་པ་རེད། བཅོས་ཐབས་འདི་་་ལ་ཡེཕ་གཙུག་ལག་སློབ་ཁང་གིས་ཞིབ་འཇུག་ཅིག་གི་ཆ་ཤས་ཤིག་གི་ཚུལ་ལ་ལག་བསྟར་བྱས་པ་ཞིག་ཡིན་འདུག

ཏྲི་ལེ་ཡིས་སྣང་ཚོད་ལ་ཐབས་ལམ་འདིས་བུད་མེད་དེར་བདེ་ཐང་ཅན་གྱི་བྱིས་པ་བཙའ་བར་རོགས་བྱས་པ་དེས་ནུས་སྐྱེད་དབང་ཕྲས་དབང་ཕྲ་དེ་དང་འབྲེལ་ཡོད་ཀྱི་ནད་གཞི་ཙམ་མིན་པར་བྱིས་པ་བཙའ་བའི་བཅོས་ཐབས་སྤྱི་ལ་གལ་གནད་ཅན་ཞིག་ཆགས་ཀྱི་ཡོད་པའི་ལྟ་ཚུལ་དེར་བདེན་དཔང་བྱས་ཡོད་ཅེས་བཤད། འོན་ཀྱང་ཁོང་གིས་བཅོས་ཐབས་འདི་འབྱུང་འགྱུར་གྱི་ལོ་ཤས་ནང་སྨན་ཁང་ཁག་ཏུ་ལག་བསྟར་ཡོང་སྲིད་པ་ཞིག་ཏུ་བསམ་གྱི་མེད་པ་རེད། དེ་ལས་ལྡོག་སྟེ་ཁོང་གི་བརྗོད་དོན། ད་དུང་ང་ཚོར་ཏག་ཏག་ཤེས་དགོས་ཁག་ཆེར་འགྱུར་ཡོད་པ་ནི་སྦྱིན་པ་པོའི་ཁམས་དམར་གྱི་འཁོར་ཡུག་དེས་ཅིའི་ཕྱིར་བུད་མེད་དེར་མངལ་ཆགས་པར་མཐུན་འགྱུར་བྱས་པའི་སྐོར་རེད། ཁོང་གིས་བུད་མེད་ཇི་ཙམ་རྒས་པ་དེ་ཚོད་ཀྱིས་མངལ་ཆགས་རྒྱུ་ཉུང་དུ་འགྲོ་གི་ཡོད་པའི་གནད་དོན་ལ་ཁ་འཕངས་ནས་གནས་སྟངས་འདིས་ལོ་ན་རྒས་པ་དང་མཉམ་དུ་ཁམས་དམར་ཉམས་ཆགས་འགྲོ་དགོས་དོན་གང་ཡིན་པའི་སྐོར་ལ་ང་ཚོར་གོ་རྟོགས་ལེན་རྒྱུ་ད་དུང་མང་པོ་ལྷག་ཡོད་པ་བསྐྱར་དུ་ར་སྤྲོད་བྱས་ཡོད་ཅེས་བཤད།

ལམ་ལྷོང་བྱུང་བའི་ལས་དོན་འདི་རིགས་ཀྱིས་རྗེས་སོར་གཞན་གྱི་སྒོ་ང་ལེན་མི་དགོས་པར་མ་ཡི་སྒོ་ང་དེ་ཉིད་ལ་སྐྱོན་ཆ་ཇི་ཡོད་ངོས་འཛིན་ནས་དེ་ཉིད་ཉམས་གསོ་བྱེད་ཐུབ་པའི་ཐབས་ཤེས་རྙེད་པར་ལམ་སྟོན་བྱེད་སྲིད་པ་ཞིག་ཡིན་པ་མ་ཟད། སྐྱོན་ཅན་གྱི་སྨིན་རྫས་དང་ལི་ཚིལ་ལ་སོགས་པ་ཕྲ་ཚིའི་ནང་ལྡིང་བཞིན་ཡོད་པའི་རིགས་དག་གིས་ཀྱང་ཁམས་དམར་ནང་སྦྲུམ་སྲིང་ཆགས་པར་འགོག་རྐྱེན་བྱེད་ཀྱི་ཡོད་སྲིད་པ་ཞིག་རེད།

ཚན་རྩལ་བཅོས་ཐབས་འདི་བརྒྱུད་གསར་དུ་བསྣན་པའི་སྦྱིན་པ་པོའི་ནུས་སྐྱེད་དབང་ཕྲའི་ཌི་ཨེན་ཨེས་བྱིས་པ་དེར་ཤུགས་རྐྱེན་ཅི་ཞིག་སྤྲོད་སྲིད་པའི་སྐོར་ལ་གོ་རྟོགས་གཏིང་ཟབ་ཐོབ་རྒྱུ་ཡིན་པ་དང་། ཕ་མ་གང་ནས་ཀྱང་མ་ཡིན་པའི་རིགས་རྫས་རྒྱུ་ཆ་གཞན་ཞིག་མཉམ་བསྲེ་བྱས་པ་དེས་རྒྱུན་ལྡན་གྱི་འཚར་ལོངས་ནང་མཇུག་འབྲས་ཅི་ཡོང་སྐོར་ཤེས་པ་ཉུང་ཉུང་ཙམ་རེད། ང་ཚོས་ཕ་མ་གཉིས་ཀྱི་རིགས་རྫས་རྒྱུ་ཆ་མཉམ་བསྲེ་བྱས་ཤིང་དེ་དང་མཉམ་དུ་རིགས་རྫས་གཞན་ཞིག་ཀྱང་ལྷན་དུ་བཞག་པ་རེད། དེ་འདྲའི་རིགས་རྫས་མཉམ་བསྲེ་བྱས་པས་རིགས་རྫས་ཕན་ཚུན་བར་ཆ་མ་འཕྲོད་པའམ་ལྷན་ཅིག་མཉམ་གནས་མི་ཐུབ་པའི་གནད་དོན་ང་ཚོས་མ་ཤེས་པའི་རིགས་ཡོད་དམ། ཡང་ན་ང་ཚོས་དེའི་ཐོག་བསམ་བློ་ཞིབ་ཕྲ་མ་བཏང་བ་ཡིན།  གལ་ཏེ་དེ་འདྲའི་གནད་དོན་ལྷག་རྒྱུ་ཡིན་ཚེ་ཕྲ་ཕུང་དེ་དང་གསར་དུ་བཙས་པའི་བྱིས་པ་དེའི་འབྱུང་འགྱུར་ཅི་ཞིག་ཆགས་རྒྱུ་ཡིན་ནམ།

ཏྲི་ལེའི་རྟག་དཔྱད་ཁང་ནང་འདྲི་བ་དེའི་རིགས་ཀྱི་ལན་འཚོལ་རྒྱུར་གཙོ་བོར་དམིགས་ཀྱི་ཡོད། འོན་ཀྱང་ལག་ལེན་འདི་རིགས་ནང་ལ་སྲོལ་རྒྱུན་མ་ཡིན་པའི་ས་བོན་འདྲེས་སྦྱོར་གྱིས་སྦྲུམ་སྲིང་ཞིག་གི་རིགས་རྫས་བསྒྱུར་བཅོས་བྱེད་པའི་བྱ་བ་ཚུད་ཡོད་པས་ཨ་རི་རྒྱལ་ཁབ་ནང་བཅོས་ཐབས་འདི་རིགས་ལག་བསྟར་བྱེད་རྒྱུར་གཞུང་གིས་བཀའ་ཁྲོལ་གནང་གི་མེད་པ་རེད། ལྟེ་ཉིང་གནས་སྤོ་བྱེད་པའི་བཅོས་ཐབས་འདི་སྤྱད་ནས་བྱིས་པ་བཙའ་རྒྱུ་མང་དུ་སོང་ཚེ་གཞུང་གི་སྲིད་ཇུས་དེར་འགྱུར་བ་དབང་མེད་དུ་གཏོང་དགོས་ཐུག་སྲིད་པར་ཏྲི་ལེ་ཡིས་ཡིད་ཆེས་བྱེད་ཀྱི་འདུག

གནས་ཚུལ་ཡོང་ཁུངས། 
བསྟན་འཛིན་དབང་ལྡན་གྱིས་བོད་བསྒྱུར་བྱས།

No comments

Post a Comment

Like us on Facebook