Sunday 2 February 2020

རྡུལ་ཕྲན་གྱི་སྐོར་མདོ་ཙམ་གླེང་བ།

ཀློག་གྲངས། 2370 བསྟན་པ་དར་རྒྱས། འཇིག་རྟེན་ཁམས་ལ་ཐོག་མཐའ་ཡོད་མེད་དང་།། རང་བྱུང་སྣོད་བཅུད་སྐྱེ་འཇིག་བྱེད་པའི་ཚུལ།། ཕྲ་རབ་རྡུལ་གྱི... thumbnail 1 summary
ཀློག་གྲངས། 2370
བསྟན་པ་དར་རྒྱས།
འཇིག་རྟེན་ཁམས་ལ་ཐོག་མཐའ་ཡོད་མེད་དང་།།
རང་བྱུང་སྣོད་བཅུད་སྐྱེ་འཇིག་བྱེད་པའི་ཚུལ།།
ཕྲ་རབ་རྡུལ་གྱི་ཡིན་ལུགས་གང་ཡིན་སོགས།།
དཔྱད་པའི་ཐབས་ཚུལ་སྣ་མང་ཡོད་པ་ལས།།

རྟེན་འབྱུང་སྨྲ་བའི་གཏན་ཚིགས་འགོད་ལུགས་དང་།།
དངོས་གཙོ་སྨྲ་བའི་ཚད་འཇལ་བརྟག་ཐབས་གཉིས།།
དངོས་པོའི་གཤིས་ལ་ལྟ་བའི་མིག་ཡིན་པས།།
གཟུར་གནས་མཁས་པ་འདི་ལ་དགའ་བས་འཇུག།

ནམ་མཁའི་དབྱིངས་ཀྱི་སྐར་ཚོགས་ཁྲ་མོ་དང་།།
ས་རུ་སྐྱེས་པའི་རྩི་ཤིང་ནགས་ཚལ་སོགས།།
མངོན་སུམ་མིག་གིས་མཐོང་བ་རགས་པའི་གཟུགས།།
ཕྲ་རབ་རྡུལ་གྱིས་བརྩམས་པར་བསྙོན་དུ་མེད།།

རྩོམ་གཞི་རྡུལ་གྱི་ངོ་བོ་རྟག་མི་རྟག།
དེ་ཡི་ཚད་དང་ཆ་ཤས་ཡོད་མེད་སོགས།།
ཕྱི་ལོའི་སྔོན་ནས་ད་ལྟའི་བར་དུ་ཡང་།།
ཤར་ནུབ་མཁས་པས་རྩོད་སྒྲུབ་ཟམ་མི་ཆད།།

ཆེས་ཆེར་སྔ་བ་ཕྱི་ལོའི་སྔོན་གྱི་དུས།།
མུ་སྟེགས་ལུགས་ཀྱི་བྱེ་རིག་བསྟན་བཅོས་སུ།།
འབྱུང་བཞིའི་རྡུལ་ཕྲན་ཆ་མེད་རྟག་པ་ལས།།
དང་བོའི་འཇིག་རྟེན་རིམ་གྱིས་ཆགས་པར་བཤད།།
གནའ་བོའི་མུ་སྟེགས་པའི་རྡུལ་ཕྲན་གྱི་དཔེ་རིས་ཤིག
དེ་ཡི་ལུགས་ལ་འཇིག་རྟེན་རྩོམ་གཞིའི་རྡུལ།།
ངོ་བོ་རྟག་ཅིང་ཡན་ལག་ཅན་གྱི་རྒྱུ།།
ཆ་ཤས་མེད་ཅིང་དབྱིབས་ནི་ཟླུམ་པོ་དང་།།
རགས་པ་རྩོམ་ཚེ་ཕན་ཚུན་མ་རེག་འདོད།།

འདུལ་བ་ལུང་དང་རྒྱ་ཆེར་རོལ་བའི་མདོ།།
དུས་འཁོར་རྒྱུད་དང་མངོན་པ་གོང་འོག་གཞུང་།།
དབུ་མ་ཐལ་རང་བསྟན་བཅོས་སོ་སོ་ནས།།
ཕྲ་རབ་རྡུལ་ལ་ཞིབ་མོས་དགག་བཞག་མཛད།།

དུས་རབས་གཉིས་པར་བྱུང་བའི་མངོན་པའི་གཞུང་།།
ཆོས་མངོན་སྙིང་བོ་དང་ནི་བྱེ་བྲག་བཤད།།
དེ་ཡི་གནད་བསྡུས་སློབ་དཔོན་དབྱིག་གཉེན་མཛོད།།
རྩ་འགྲེལ་སོགས་ལས་རྣམ་བཞག་འདི་སྐད་གསུངས།།

འབྱུང་བ་བཞི་དང་འབྱུང་འགྱུར་བཞི་བོ་བཅས།།
རྡུལ་རྫས་བརྒྱད་འདུས་སྟེང་ནས་རགས་གཟུགས་གྲུབ།།
ཆ་མེད་གཟུགས་ཀྱི་ཆ་ཤས་མཐར་ཐུག་པ།།
ཆ་མེད་ཕྲ་རབ་རྡུལ་ཞེས་ཐ་སྙད་མཛད།།

ངོ་བོ་མི་རྟག་ཆ་ཤས་མེད་པ་སྟེ།།
དབུས་རྡུལ་གཅིག་ལའང་ཕྲ་རབ་གཞན་གྱིས་བསྐོར།།
གཟུགས་ཀྱི་ཆུང་མཐའ་ཡིན་པའི་ཕྲ་རྡུལ་རྣམས།།
ཕན་ཚུན་མ་རེག་བར་བཅས་བྱེ་སྨྲ་འདོད།།

ངོ་བོ་རྟག་དང་མི་རྟག་ཕྱི་ནང་རྩོད།།
མ་རེག་བར་བཅས་ཡིན་མིན་བྱེ་མདོ་རྩོད།།
ཕྱི་རོལ་དོན་དུ་གྲུབ་མིན་མདོ་སེམས་རྩོད།།
ཆ་བཅས་ཡིན་མིན་མངོན་པ་གོང་འོག་རྩོད།།

ཆ་མེད་ཕྱི་དོན་རྩོམ་གཞི་བྱེ་མདོ་བཞེད།།
ཟླུམ་པོ་ཡིད་ངོར་སྣང་ཙམ་སེམས་ཙམ་བཞེད།།
རྡུལ་རྫས་བརྒྱད་འདུས་རྫས་ཡོད་ལེགས་ལྡན་བཞེད།།
བཏགས་ཡོད་རྟོག་བཏགས་ཙམ་ཞིག་ཟླ་བ་བཞེད།།

སྟོང་བའི་རྡུལ་དང་ས་ཆུ་མེ་རླུང་རྡུལ།།
ནམ་མཁའི་རྡུལ་སོགས་དུས་འཁོར་གཞུང་ལས་གསུངས།།
བརྟེན་ནས་བཏགས་པས་སྟོང་བའི་རྡུལ་ཞེས་བཏགས།།
མངོན་པར་སྐབས་ཡོད་ཆུང་མཐའ་ནམ་མཁའི་རྡུལ།།

ཕྲ་རྡུལ་བདུན་དུ་བསྒྱུར་བ་རྡུལ་ཕྲན་ཚད།།
ལྕགས་ཆུ་རི་བོང་ལུག་དང་གླང་གི་རྡུལ།།
ཉི་ཟེར་སྲོ་མ་དེ་ལས་བྱུང་བ་དང་།།
ནས་དང་སོར་ཚིགས་སོར་མོ་ཞེས་བྱའི་བར།།

བདུན་བདུན་བསྒྱུར་ཏེ་གཟུགས་ཅན་ཆུང་མཐའི་ཚད།།
འཇལ་བའི་ཐབས་ཚུལ་ཆོས་མངོན་མཛོད་ལས་གསུངས།།
རྒྱ་ཆེར་རོལ་དང་འདུལ་བའི་བཀའ་བསྟན་ལས།།
དེ་དང་ཅུང་ཟད་མི་འདྲའི་ཚུལ་ཡང་འབྱུང་།།

དེ་ལྟ་ན་ནི་ཕྲ་རབ་རྡུལ་གྱི་ཚད།།
མིག་གིས་མཐོང་བའི་ཆུང་མཐའ་ཉི་ཟེར་རྡུལ།།
དེ་ལ་ཆ་ཤས་ཕྱེ་བ་འབུམ་ཕྲག་བརྒྱད།
ཉིས་ཁྲི་སུམ་སྟོང་ལྔ་བརྒྱ་ཞེ་གསུམ་ཆ།།

དེང་དུས་དངོས་ཁམས་རིག་པའི་གཞུང་ལུགས་ཀྱི།།
རྡུལ་ཕྲན་རྣམ་བཞག་ཞིབ་མོར་ལྟོས་འཇོག་གིས།།
འདི་ཡང་རགས་པའི་དཔྱད་པ་ཙམ་མོ་ཞེས།།
ཐམས་ཅད་མཁྱེན་པས་རྡུལ་སྙེད་འཇིག་རྟེན་གསུངས།།

ཡེ་ཤུའི་སྔོན་གྱི་དུས་རབས་ལྔ་བ་ནས།།
ནུབ་ཕྱོགས་ཡུལ་ལའང་ཕྲ་རྡུལ་རྣམ་བཞག་བྱུང་།།
གྷི་རིག་མཁས་རྣམས་བེམ་གཟུགས་རྩོམ་པའི་གཞི།།
ཨེ་ཊོམ་ཞེས་བྱ་ཆ་མེད་རྡུལ་དུ་བཞེད།།
Image result for aristotle
ཨེ་རི་སི་ཊོ་ཊལ་
ཨེ་རི་སི་ཊོ་ཊལ་ཞེས་པའི་མཁས་པ་དེས།།
ས་ཆུ་མེ་རླུང་རྫས་རྡུལ་སོ་སོ་ཡིས།།
བེམ་གཟུགས་རགས་པ་གྲུབ་པའི་རྣམབཞག་ནི།།
ལོ་ངོ་ཉིས་སྟོང་ཡུན་ལ་བརྟན་པོར་གནས།།
Image result for Dalton
ཌལ་ཊོན
དུས་རབས་བཅུ་དགུའི་སྟོད་ལ་ཌལ་ཊོནགྱིས།།
དངོས་པོའི་ཆུང་མཐའ་ཆ་མེད་རྡུལ་ཕྲན་ཞེས།།
སྔོན་གྱི་ཨེ་ཊོམ་རྣམ་བཞག་བསྐྱར་གསོ་བྱས།།
དེའི་ཚེའང་ཨེ་ཊོམ་ཆ་ཤས་མེད་པར་བརྩིས།།
Related image
ཌལ་ཊོན་གྱི་རྡུལ་ཕྲན་དཔེ་གཟུགས།
ཟད་མེད་དུས་ཀྱི་བཞུར་རྒྱུན་རིང་མོའི་ཁྲོད།།
ཚན་རྩལ་རིག་པའི་རྦ་རླབས་ཤུགས་ཀྱིས་འཕྱུར།།
ཕྱིས་ཀྱིས་མཁས་པ་དག་གི་ཞལ་སྒོ་ནས།།
ཕྲ་རབ་རྡུལ་ལ་རྣམ་བཞག་གསར་བ་བྱུང་།།
Related image
 རྡུལ་ཕྲན་གྱི་དཔེ་རིས། མཐའ་ན་མོ་རྡུལ་འཁོར། ལྟེ་བར་ཕོ་རྡུལ་དང་མ་ནིང་རྡུལ་འདུས།
རྡུལ་ཕྲན་གཟུགས་ཀྱི་ཆུང་མཐའ་མ་ཡིན་ཏེ།།
དེ་ནི་ཕོ་མོ་མ་ནིང་རྡུལ་གྱིས་གྲུབ།།
ཕོ་རྡུལ་བར་རྡུལ་སྐྲུན་བྱེད་ཁོག་རྡུལ་ཡང་།།
རྡུལ་ཕྲན་ཆ་ཤས་ཡིན་པ་ཞིབ་པར་འགྲེལ།།
Image result for atom to quark
ལྟེ་རྡུལ་ནང་ཕོ་རྡུལ་དང་མ་ནིང་རྡུལ་དག་ཁོག་རྡུལ་གྱིས་གྲུབ་པ་ཡིན།
རྡུལ་ཕྲན་ཚད་ནི་ཆུ་ཡི་ཐིགས་པ་གཅིག།
མི་འཁྲུགས་ཆེན་པོ་བཅུ་ལ་བགོས་པའི་ཆ།།
གཅིག་ཙམ་ཡིན་ཞེས་དེང་དུས་དངོས་སྨྲ་བཞེད།།
དེ་ལ་ཡང་ནི་ཆ་ཤས་ལྡན་པར་འདོད།།

འཇིག་རྟེན་ཁམས་དང་ལོ་ཚོད་མཉམ་པའི་རྡུལ།།
ད་ལྟ་ཁྱོད་ཀྱི་ལུས་ལ་ཡོད་པར་སྨྲ།།
མཁྲེག་གཟུགས་གསེར་གྱི་ནང་གི་རྡུལ་ཕྲན་ཡང་།།
རྟག་ཏུ་གཡོ་འགུལ་བྱེད་པ་ཡིན་ཞེས་ཟེར།།
རྡུལ་ཕྲན་ནང་གི་རྡུལ་རྣམས་ཕན་ཚུན་བཟུང་ཚུལ་གྱི་དཔེ་རིས།
ལྟེ་རྡུལ་དང་ནི་གློག་རྡུལ་མ་འཕྲད་ཀྱང་།།
སོ་སོར་མི་འགྲོ་གློག་གི་ཤུགས་ཀྱིས་བཟུང་།།
དབུས་ཀྱི་ལྟེ་རྡུལ་འཐོར་དུ་མེད་པ་ཡང་།།
དྲག་པའི་ལྟེ་ཤུགས་ཟེར་བས་བཟུང་བར་བཤད།།

མ་རེག་ན་ཡང་ཤུགས་ཀྱིས་བཟུང་བའི་ཚུལ།།
བྱེ་སྨྲས་མ་རེག་བར་བཅས་འདོད་དང་མཚུངས།།
ཐོག་མའི་རྡུལ་ཕྲན་ད་ལྟའང་ཡོད་ཅེས་པ།།
བྱེ་རིག་ལུགས་ཀྱི་རྟག་པའི་རྡུལ་དང་འདྲ།།
ཁོག་རྡུལ་དང་ནི་ལེབ་ཌོན་སྦོ་སོན་རྡུལ།།
ད་ལྟའི་དུས་སུ་ཆ་ཤས་མེད་པར་བརྩི།།
བལྟ་བྱའི་ཡིན་ལུགས་ལྟ་བྱེད་ཡུལ་ཅན་ལ།།
ལྟོས་པར་ཚད་རྡུལ་ཤུགས་རིགས་སྨྲ་བས་འདོད།།
                                 2019/12/18
📖

No comments

Post a Comment

Like us on Facebook